Welcome

"Look deep into nature, and then you will understand everything better". —Albert Einstein

Saturday, September 12, 2020

༢ ཡི་གེ་དྲུག་པའི་སྒོ་ནས་གསོལ་འདེབས་སྨོན་ལམ།

 

༄༅། །ཡི་གེ་དྲུག་པའི་སྒོ་ནས་གསོལ་འདེབས་སྨོན་ལམ་བྱ་ཚུལ་འཁོར་བ་རང་གྲོལ་བཞུགས་སོ། 


ན་མོ་ལོ་ཀེ་ཤྭ་ར་ཡ། སྐྱབས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །ཆོས་སྙིང་པོ་ཡི་གེ་དྲུག་པ་ལ། །མི་བདག་སོགས་གུས་པས་གསོལ་བ་འདེབས།  །སེམས་ཡང་དག་ཆོས་ལ་འགྱུར་བར་ཤོག །ལྷ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ། །མི་བདག་དང་མ་གྱུར་འགྲོ་བ་ཀུན། །ཨོཾ་རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །མ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཎི་དགེ་འདུན་ཚོགས་ལ་སྐྱབས་སུ་མཆི། །པད་བླ་མ་རྣམས་ལ་སྐྱབས་སུ་མཆི། །མེ་ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ཧཱུྃ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ལྷ་སྤྱན་རས་གཟིགས་དབང་ཁྱེད་ར་མཁྱེན། །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ། །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ཨོཾ་འཕགས་པའི་སྐུ་ལ་གསོལ་བ་འདེབས།  །མ་འཕགས་པའི་གསུང་ལ་གསོལ་བ་འདེབས།  །ཎི་འཕགས་པའི་ཐུགས་ལ་གསོལ་བ་འདེབས།  །པད་ཡོན་ཏན་མཆོག་ལ་གསོལ་བ་འདེབས།  །མེ་ཕྲིན་ལས་རྣམས་ལ་གསོལ་བ་འདེབས།  །ཧཱུྃ་ཐམས་ཅད་འདུས་ལ་གསོལ་བ་འདེབས། །ལྷ་སྤྱན་རས་གཟིགས་དབང་ཁྱེད་ར་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ལས་སྡིག་སྒྲིབ་མ་ལུས་སྦྱང་དུ་གསོལ། །ཨོཾ་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ།  །མ་ངག་གི་སྒྲིབ་པ་སྦྱང་དུ་གསོལ།  །ཎི་ཡིད་ཀྱི་སྒྲིབ་པ་སྦྱང་དུ་གསོལ།  །པད་ཉོན་མོངས་སྒྲིབ་པ་སྦྱང་དུ་གསོལ།  །མེ་བག་ཆགས་སྒྲིབ་པ་སྦྱང་དུ་གསོལ། །ཧཱུྃ་ཤེས་བྱའི་སྒྲིབ་པ་སྦྱང་དུ་གསོལ།  །ལྷ་སྤྱན་རས་གཟིགས་གཟིགས་དབང་ཁྱེད་ར་མཁྱེན། །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ནང་ཉོན་མོངས་དུག་ལྔ་ཞི་བར་ཤོག  །ཨོཾ་ཉོན་མོངས་གཏི་མུ་ཞི་བར་ཤོག  །མ་ཉོན་མོངས་ཞེ་སྡང་ཞི་བར་ཤོག  །ཎི་ཉོན་མོངས་ང་རྒྱལ་ཞི་བར་ཤོག  །པད་ཉོན་མོངས་འདོད་ཆགས་ཞི་བར་ཤོག  །མེ་ཉོན་མོངས་ཕྲག་དོག་ཞི་བར་ཤོག  །ཧཱུྃ་དུག་ལྔ་ཐམས་ཅད་ཞི་བར་ཤོག  །ལྷ་སྤྱན་རས་གཟིགས་དབང་ཁྱེད་ར་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །གནས་རིགས་དྲུག་སྡུག་བསྔལ་ཞི་བར་ཤོག  །ཨོཾ་ལྷ་ཡི་སྡུག་བསྔལ་ཞི་བར་ཤོག  །མ་ལྷ་མིན་སྡུག་བསྔལ་ཞི་བར་ཤོག  །ཎི་མི་ཡི་སྡུག་བསྔལ་ཞི་བར་ཤོག  །པད་བྱོལ་སོང་སྡུག་བསྔལ་ཞི་བར་ཤོག  །མེ་ཡི་དྭགས་སྡུག་བསྔལ་ཞི་བར་ཤོག   །ཧཱུྃ་དམྱལ་བའི་སྡུག་བསྔལ་ཞི་བར་ཤོག  །ལྷ་སྤྱན་རས་གཟིགས་དབང་ཁྱེད་ར་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ལམ་ཕ་རོལ་ཕྱིན་དྲུག་རྫོགས་པར་ཤོག  །ཨོཾ་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག  །མ་ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག  །ཎི་བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག  །པད་བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག   །མེ་བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག    །ཧཱུྃ་ཤེས་རབ་ཕ་རོ་ཕྱིན་རྫོགས་ཤོག   །ལྷ་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས།  །གནས་དག་པའི་ཞིང་དུ་སྐྱེ་བར་ཤོག   །མགོན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང།  །ལྷ་སྤྱན་རས་གཟིགས་དབང་སྙིང་རྗེའི་འཕྲུལ།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།   །གནས་རྡོ་རྗེ་གདན་དུ་སངས་རྒྱས་ཤོག   །དུས་འདིའི་འདྲེན་མཆོག་པདྨ་འབྱུང།  །ལྷ་སྤྱན་རས་གཟིགས་དབང་གསུང་ལས་སྤྲུལ།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །གནས་ཟངས་དོག་དཔལ་རིར་སྐྱེ་བར་ཤོག  །ལྷ་བུདྡྷ་སྤྱན་རས་གཟིགས་དབང་མཁྱེན།   །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །གནས་འོག་མིན་སྟུག་པོར་སྐྱེ་བར་ཤོག  །ལྷ་བཛྲ་སྤྱན་རས་གཟིགས་དབང་མཁྱེན།།ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།།མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ཤར་མངོན་དགའི་ཞིང་དུ་སྐྱེ་བར་ཤོག  །ལྷ་རང་སྣང་སྤྱན་རས་གཟིགས་དབང་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།  །ལྷོ་དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག  །ལྷ་པདྨ་སྤྱན་རས་གཟིགས་དབང་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།།མི་བདག་དང་མ་གྱུར་འགྲོ་བ་ཀུན།།ནུབ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག  །ལྷ་ཀརྨ་སྤྱན་རས་གཟིགས་དབང་མཁྱེན།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མི་བདག་དང་མ་གྱུར་འགྲོ་བ་ཀུན།།བྱང་ལས་རབ་ཞིང་དུ་སྐྱེ་བར་ཤོག།སྔོན་འདས་པའི་སངས་རྒྱས་གཤེགས་ནས་ནི།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །དུས་མ་འོང་སངས་རྒྱས་བྱུང་བའི་སྐུ།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །དུས་ད་ལྟའི་སངས་རྒྱས་བྱོན་པའི་ལམ།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །ཕྱི་མེ་དཔུང་མཐའ་གྲོལ་དབུ་མ་ཡི།  །ཆོས་ཨོཾ་དང་མ་ནི་པདྨེ་ཧཱུྃ།  །ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་ཡང།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །མཐར་འབྲས་བུ་ལྷུན་གྲུབ་རྫོགས་པ་ཆེ།  །ཆོས་ཨོཾ་དང་མ་ཎི་པདྨེ་ཧཱུྃ།  །ལྷ་བླ་ན་མེད་པ་སྤྱན་རས་གཟིགས།  །ཆོས་བླ་ན་མེད་པ་ཡི་གེ་དྲུག  །སེམས་བླ་ན་མེད་པ་བྱང་ཆུབ་སེམས། །མ་འགྲོ་བ་ཀུན་གྱིས་ཐོབ་པར་ཤོག། །། 


ཅེས་པའང་འབྲུག་ཁམས་གསུམ་དབང་འདུས་ཆོས་ཀྱི་ཕོ་བྲང་ཉམས་གསོའི་སྐུ་རིམ་མ་ཎི་དུང་སྒྲུབ་ཚོགས་སྐབས་སྐྱ་སེར་ཕོ་མོ་ཡོངས་ཀྱིས་འུར་འདོན་གྱིས་གསོལ་བ་འདེབས་པའི་ཕྱིར་མཁན་མིང་འཇིགས་གྲགས་པས་བྲིས་པ་དགེའོ།། །།

No comments:

Post a Comment